
བཏང་བ་ཡིན་ནམ་ཡང་ན་བསྐྱུར་བ་ཡིན།།
ང་ལ་ཁྱིམ་གཞིས་བོར་བའི་སྣང་བ་ཞིག།
བཤིག་པ་ཡིན་ནམ་ཡང་ན་ཞིག་པ་རེད།།
འདི་ན་སུས་ཀྱང་མི་འདོད་མཁར་རྫོང་ཞིག།
རྫོང་དེ་རྙིང་གོག་ཡིན་ཡང་ཕ་ཡུལ་རེད།།
སྤང་བོ་ཀེར་ལངས་འདྲ་བའི་རྫོང་མཁར་འདི།།
བསྐྱུར་བ་ཡིན་ན་སུ་ཡི་རྐང་འདྲེན་ཡིན།།
བསྐྱབ་པ་ཡིན་ན་སུ་ཞིག་འཁྲིད་མཁན་རེད།།
དེ་ལ་ཐུག་ན་ལག་པ་ཚ་ཤུར་ཤུར།།
དེ་ལ་གཡོལ་ན་ངོ་གདོང་གྲང་ཤུར་ཤུར།།
རྒན་པོ་གཡག་འདེད་ཅིག་གི་རེ་བ་འདྲ།།
མ་ལོ་འཐག་མཁན་ཞིག་གི་མིག་ཆུ་འདྲ།།
ལ་ཤས་སྔོན་ནས་ཡོད་པའི་ཁུར་མཁན་འདྲ།།
ཁ་ཤས་རྗེས་ནས་འོང་བའི་དཔོན་པོ་འདྲ།།
འདི་ལ་གནའ་གཏམ་ཞིག་གི་ཕྱི་ནང་ཡོད།།
གདོད་མ་ས་འདིར་ཆགས་པའི་ལུགས་ཀྱང་ཡོད།།
རླུང་བུ་འཚུབ་ཤུལ་རྡུལ་ཞིག་འཁོར་བཞིན་འདུག།
ཆར་བ་བབས་ཤུལ་ཤུགས་གླུ་ལེན་བཞིན་འདུག།
ཞེན་པ་ཆགས་སའི་རྟེན་གྱི་ལྷག་རོ་འདི།།
ཨ་མ་རྒྱལ་མའི་ཞལ་དུ་འདེབས་སམ་ཅི།།
རྡོ་ལ་བརྡབ་ཀྱང་ཆོག་མོད་ཕ་རྫས་རེད།།
ཆུ་ལ་བསྐྱུར་ཀྱང་ཆོག་མོད་གནའ་རྫས་རེད།།
མི་འདོད་ན་ཡང་ང་ཚོའི་མེས་ནོར་རེད།།
ད་ནི་གང་དགའ་གང་བྱེད་གྲོས་ཤིག་མཛོད།།