ཆོས་དང་འཇིག་རྟེན་གཉིས་མེད་སེངྒེའི་ལུས།།
ཆོས་མེད་སྤྱོད་པའི་སྤྲང་པོ་ང་འདྲ་ལ།།
ཆོས་གཏམ་སྨྲ་བའི་འོས་བབས་མ་མཆིས་ཀྱང་།།
ཆོས་ལྡན་རྗེ་བོའི་བཀའ་བཞིན་ཚིག་འགའ་ཞུ།།
སངས་རྒྱས་འཕྲིན་ལས་ཉི་མའི་འོད་ཟེར་དང་།།
སྔོན་སྨོན་བཟང་པོའི་ཆུ་ལུད་འཛོམས་པ་ལས།།
དགེ་བའི་ས་བོན་སྟོབས་ཤུགས་སྨིན་པ་ཁྱོད།།
མངའ་ཐང་རྒྱས་པའི་དཔོན་གྱི་རིགས་སུ་འཁྲུངས།།
དེས་ན་ཁམས་གསུམ་འགྲོ་བའི་བདེ་སྐྱིད་ཀུན།།
འབྱུང་བའི་སྒོ་མོ་སངས་རྒྱས་བསྟན་པ་ལ།།
སྒོ་གསུམ་འབད་པས་སྲི་ཞུ་སྒྲུབ་པ་འདི།།
ལས་སུ་བྱ་བ་ཀུན་གྱི་ཐོག་མ་ལགས།།
གང་དུ་མཁས་དང་གྲུབ་པ་བཞུགས་གྱུར་པ།།
དེ་ན་ལུང་དང་རྟོགས་པའི་བསྟན་པ་གནས།།
ཇི་སྲིད་བཤད་དང་སྒྲུབ་པའི་སྲོལ་གནས་པ།།
དེ་སྲིད་བར་དུ་དམ་པའི་སྐྱེས་བུ་འབྱུང་།།
དེས་ན་དྲི་མེད་བསྟན་པའི་པད་དཀར་ཚལ།།
བདེ་སྐྱིད་དབྱར་གྱི་དཔལ་དུ་གནས་པ་འདི།།
བློ་གསལ་ངང་མོའི་ཁྱུ་ཡིས་རབ་བརྟེན་པའི།།
འཆད་ཉན་འོ་མའི་ཆུ་མཚོ་ཉིད་ལ་རག།
སྡེ་སྣོད་འཆད་ཉན་བྱེད་པའི་མཁས་པ་དང་།།
དེ་དོན་ཉམས་སུ་ལེན་པའི་སྒོམ་ཆེན་གྱིས།།
བཀྲ་ཤིས་ལྷ་ཡི་སྒང་རྒྱུད་ཀུན་ཁྱབ་པའི།།
དགེ་འདུན་སྡེ་གཉིས་སྤེལ་བའི་མཛད་སྒོ་སྐྱོངས།།
མངའ་རིས་འབངས་ཀྱི་རི་བོ་མཐོན་པོའི་རྩེར།།
དཔལ་དང་འབྱོར་བའི་གངས་ཀྱི་ཅོ་པཎ་ལ།།
རྟག་ཏུ་གནས་པའི་མི་རྗེ་གདོང་ལྔ་པ།།
ཡངས་པའི་སྤྱན་གྱིས་ཕྱོགས་བཅུར་གཟིགས་པར་འཚལ།།
གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་བ་ཡི།།
རིག་འཕྲུལ་ཐབས་ཤེས་གློག་གི་སྒྲོན་མ་ཡིས།།
དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པའི།།
སྐྲ་སེར་སྤྲེའུའི་རིགས་ལ་ཐུགས་ཟོན་འཚལ།།
ཐོས་བསམ་སྒོམ་པའི་ཞིང་ས་གཤིན་པོ་ལ།།
རང་རིག་རྟོགས་པའི་སྙེ་མ་རབ་འཁྲུངས་པའི།།
དམ་པའི་སྐྱེས་བུ་གང་དུ་བཞུགས་ཀྱང་རུང་།།
ཟོལ་མེད་གཙུག་གི་རྒྱན་དུ་འཛིན་པར་འོས།།
སྐྱ་སེར་གང་ཡང་མིན་པའི་ཆ་ལུགས་ལ།།
ཕྱི་ནང་གང་ཡང་མེད་པའི་ཆོས་ལུགས་ཅན།།
རྒྱ་བོད་བསྐོར་བའི་ཨ་མདོ་ང་འདྲའི་རིགས།།
སྐབས་འགར་དགྱེས་པའི་སྤྱན་གྱིས་བསྐྱངས་པར་འཚལ།།
ཞེས་འབྲུག་བཀྲིས་སྒང་རྫོང་དཔོན་འཕྲིན་ལས་འོད་ཟེར་གྱིས་ངོར་ཨ་མདོ་པ་དགེ་འདུན་ཆོས་འཕེལ་གྱིས་བྲིས་པའོ།།
ཟུར་མཆན། འབྲུག་པ་གྲོགས་པོ་ཞིག་གིས་མཁོ་སྤྲོད་གནང་བའི་རྩོམ་ཡིག་འདིའི་མ་ཕྱི་ལ་མཚན་བྱང་མེད་པས་༼མཁས་དབང་
དགེ་ཆོས་མཆོག་གི་སྙན་རྩོམ་གསར་པ་ཞིག་༽ཅེས་བྲིས་ནས་འགོད་རྒྱུར་ཕྲན་དོལ་སྨྱོན་གྱིས་རྒྱ་གར་ནས་སྤྱི་ཟླ་ ༨ ཚེས་ ༡༤ ལ་ཕུལ།